༧གོང་ས་མཆོག་གི་གསུང་འཕྲིན།

༄༅།།  འཛམ་གླིང་ས་་གནས་གང་སར་གནས་པའི་དོན་གཉེར་ཅན་མང་པོས་བོད་དང་བོད་མིར་ཤ་ཚའི་རྒྱབ་སྐྱོར་གནང་བར་བོད་མི་ཚོས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།  བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་གལ་སྲིད་མི་སྒེར་པ་དང་།  ཚོགས་པ།  གཞུང་བཅས་ཀྱི་གཏོང་ཕོད་ཆེ་བའི་རྒྱབ་སྐྱོར་ཐོབ་མེད་པ་ཡིན་ན།  བོད་པའི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་པ་རྩ་བརླག་འགྲོ་ཉེན་ཡོད།  འདས་པའི་ལོ་ ༣༠ རིང་བོད་ཀྱི་ཐེབས་རྩ་དང་།  རྡ་རམ་ས་ལར་ཡོད་པའི་བོད་མིའི་སྒྲིག་འཛུགས་དབར་མཉམ་ལས་ཟབ་མོ་བྱས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་བསྐོང་ཐུབ་པ་བྱུང་ཡོད། 

བོད་ཀྱི་ཐེབས་རྩས་ཨ་སྒོར་ས་ཡ་མང་པོ་འདུ་འགོད་བྱས་ཏེ་བོད་མི་བཙན་བྱོལ་བའི་ཆེད་དུ་སློབ་གྲྭ་འཛུགས་རྒྱུ་དང་།  བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྡོད་ཁང་དང་།  རྨང་གཞིའི་འཛུགས་སྐྲུན།  སྨན་བཅོས་འཕྲོད་བསྟེན་དང་།  ཤེས་ཡོན་བཅས་ཀྱི་ཐོག་རོགས་རམ་བྱས་ཡོད།  བོད་ཀྱི་ཐེབས་རྩས་ད་དུང་མཐུན་རྐྱེན་སྦྱར་ནས་བོད་པའི་རིག་གཞུང་དང་འབྲེལ་བའི་སྡེ་ཚན་དང་། ལས་འཆར་ལ་རྒྱབ་སྐྱོར་ཤུགས་སྣོན་རྒྱབ་པ་འདིས། བོད་མི་རིགས་ཀྱི་དཔལ་ཡོན་གྱི་ས་བོན་ལྟ་བུ་ཡིན་པའི་གནའ་བོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུར་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད།  བོད་ཆགས་དང་འཇིགས་ཀྱི་འགག་རྩ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཤ་ཚའི་རྒྱབ་སྐྱོར་ལ་ཐུག་ཡོད། འོན་ཀྱང་ང་ཚོས་གཏམ་གཅིག་པུར་བརྟེན་ནས་མི་གཞན་གྱིས་བོད་ཀྱི་རིན་ཐང་རྒྱབ་སྐྱོར་སླེབས་ཐབས་ཀྱི་རེ་བ་བྱས་ན་མི་འགྲིག་པར།  ངེས་པར་དུ་ང་ཚོའི་བྱ་སྤྱོད་ཀྱིས་རང་དཔེ་གཞན་སྟོན་ཐུབ་པ་བྱེད་དགོས། ང་ཚོས་བྱམས་བརྩེ་དང་། གཞན་ཕན། འཚེ་མེད་ཞི་བ།  དྲང་བདེན་ལྷག་བསམ་གྱི་རིན་ཐང་ལྡན་པའི་དེང་དུས་ཀྱི་སྤྱི་ཚོགས་དང་།  མང་གཙོའི་ལམ་ལུགས་ཤིག་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།  ང་ཚོས་རང་ཁ་རང་གསོ་དང་། རང་འགན་རང་འཁུར་ཐུབ་པ་བྱེད་རྒྱུར་ཤུགས་སྣོན་རྒྱག་བཞིན་པ་ཡིན།  གོ་སྐབས་འདི་དང་བསྟུན་ནས་ལོ་མང་རིང་བོད་ཀྱི་ཐེབས་རྩར་གཏོང་ཕོད་ཆེན་པོས་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།  བོད་པའི་དཀའ་ངལ་དྲང་བདེན་གྱི་ཐག་གཅོད་མ་བྱུང་བར་ད་དུང་ཡང་མུ་མཐུད་ནས་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན།   ཏཱ་ལའི་བླ་མ་སྐྱེས་ཕྲེང་བཅུ་བཞི་པས།