ང་ཚོའི་བསྒྲུབ་བྱའི་དམིགས་ཡུལ།

ཕྱི་ལོ་ ༡༩༨༡ ནས་བཟུང་བོད་མིའི་སྤྱི་ཚོགས་ཀྱི་ཞབས་འདེགས་ཞུ་བཞིན་པ།

བོད་ཀྱི་ཐེབས་རྩའི་གཞི་རྩའི་དམིགས་ཡུལ་ནི་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང། བྱེས་འབྱོར་བོད་མི་རྣམས་རང་རྐྱ་འཕེར་བའི་སྒོ་ནས་སྤྱི་མཐུན་མཉམ་གནས་ཐུབ་ཐབས་ལ་མཐུན་འགྱུར་ཞུ་རྒྱུ་ཡིན།རོགས་ཚོགས་གཙོ་བོ་ཡིན་པའི་ཆ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ལ་འཕྱར་གྲུ་མཉམ་འདེགས་ཀྱིས་རྒྱ་གར་དང། བལ་ཡུལ། འབྲུག་བཅས་པར་སྐྱབས་བཅོལ་དུ་གནས་པའི་བོད་མི་ ༡༤༠༠༠༠ ཙམ་གྱི་བུ་ཕྲུག་གི་ཤེས་ཡོན་དང་བཙན་བྱོལ་བ་གཞིས་ཚུགས། ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གྱི་ལས་དོན་ལ་མཉམ་རུབ་ཞུ་བཞིན་པ་མ་ཟད། བོད་ནང་དུའང་ད་ཕྲུག་གི་སློབ་གྲྭ་དང་། མིག་ནད་སྨན་བཅོས་གཙོ་གྱུར་འཕྲོད་བསྟེན་གྱི་ལས་རིགས། རྐྱེན་ངན་སྔ་རྗེས་ལ་ཛ་དྲག་རོགས་སྐྱོར།

ང་ཚོའི་ལོ་རྒྱུས།

བོད་ཀྱི་ཐེབས་རྩ་ནི་༡༩༨༡ ལོར་རྒྱལ་སྤྱིའི་རོགས་ཚོགས་ཁག་ནས་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་ཤུགས་ཞན་དུ་འགྲོ་བའི་དུས་སྐབས་སུ་གསར་འཛུགས་ཞུས་པ་ཞིག་ཡིན། ༡༩༥༩ ལོར་བོད་མི་རྣམས་བཙན་བྱོལ་དུ་གྱར་དགོས་བྱུང་བའི་ཐོག་མའི་དུས་ནས་ད་བར་བོད་མི་རྣམས་འཚོ་གནས་ཐུབ་པ་ནི་གཙོ་བོ་རྒྱ་གར་གཞུང་དང་། བལ་ཡུལ་གཞུང་། འབྲུག་གཞུང་བཅས་པའི་གཏོང་ཕོད་རོགས་མགོན་ཐོག་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བལྟ་རྟོགས་ལས་ཁུངས་གཙོ་གྱུར་ཕྱི་རྒྱལ་རོགས་ཚོགས་ཁག་གི་རྒྱབ་སྐྱོར་དང་། བོད་མི་བཙན་བྱོལ་བ་རང་ཉིད་ནས་རང་གི་ངོ་བོ་སྲུང་སྐྱོབས་ཀྱི་ལས་དོན་ལ་ཡིད་ཆེས་དང་བློ་ཐག་གཙང་བཅད་ཀྱིས་མདུན་བསྐྱོད་བྱས་པ་བཅས་ཀྱི་གྲུབ་འབྲས་ཡིན།

འོན་ཀྱང་༡༩༧༠ ནས་བཟུང་འགྲོ་བ་མི་རིགས་ཀྱི་བདེ་རྩའི་རོགས་རམ་ཉམས་རྒུད་དུ་སོང་ཞིང། གཉན་འཕྲང་ཅན་གྱི་དུས་སྐབས་འདི་དང་བསྟུན་ནས་ཨ་རིའི་ནང་གཏན་གཞི་བྱས་པའི་བོད་མི་ཉུང་ཤས་ཤིག་གིས་བོད་ཀྱི་ཐེབས་རྩ་གསར་འཛུགས་བྱས་ཡོད། ༡༩༨༩ ལོར་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་པ་ནས་བཟུང་བོད་མིའི་དཀའ་སྡུག་ལ་འཛམ་གླིང་གཞུང་དམངས་ཀྱི་དོ་སྣང་གསར་པ་སླེབས་པའི་ཤུགས་རྐྱེན་ལ་བརྟེན་ནས། བོད་ཀྱི་ཐེབས་རྩ་མགྱོགས་མྱུར་འཚར་ལོངས་ཐུབ་པ་དང་། བོད་མིའི་སྤྱི་ཚོགས་ལ་རོགས་རམ་མཐུན་འགྱུར་ཆེད་རོགས་ཚོགས་ཁག་དང་ཨ་རི་གཞུང་གི་རོགས་རམ་འཛིན་སྐྱོང་སྡེ་ཚན་ཁག་ལ་འབྲེལ་ལམ་གསར་གཏོད་ཐོག་སྒེར་ཁག་ནས་རོགས་རམ་གསར་འཚོལ་ཐུབ་པ་བྱུང་ཡོད།

རོགས་རམ་གལ་གནད་ཆེ་ཤོས་དེ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བོད་མིའི་སློབ་ཡོན་ལས་འཆར་གྱི་ཆེད་དུ་༡༩༨༨ ནས་འགོ་འཛུགས་ཀྱིས་རྒྱ་གར་དང་བལ་ཡུལ་ནས་སློབ་ཕྲུག་༤༥༢ ཨ་རིའི་མཐོ་སློབ་ཁག་ལ་ཆེས་མཐོའི་སློབ་སྦྱོང་གི་ཆེད་དུ་ལེན་གཏོང་ཐུབ་པ་མ་ཟད། ༡༩༩༡ ནས་བཟུང་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་གནང་པའི་འགྲོ་བ་མི་རིགས་ཀྱི་བདེ་རྩའི་རོགས་རམ་འཛིན་སྐྱོང་གིས་སྔ་རྗེས་སུ་བོད་ནས་གསར་འབྱོར་བའི་མི་གྲངས་ཆིག་འབུམ་བརྒལ་བར་སྔོན་ལ་བལ་ཡུལ་དང་། དེ་ནས་ལྡི་ལི། མཐའ་མར་དྷ་རམ་ས་ལ་བཅས་ས་གནས་ཆེ་ཁག་གསུམ་ནས་སྣེ་ལེན་ཐོག་གཞིས་ཆགས་ཀྱི་ལས་རིམ་ལ་ནུས་པ་མཉམ་འདོན་གྱིས་ཛ་དྲག་སྨན་བཅོས་དང་། སློབ་སྦྱོང་གི་མཐུན་རྐྱེན།

དགོན་སྡེ་གྲ་ཚང་བཙུན་དགོན་ཁག་ལ་ཆོས་ཞུགས་ཆེད་སློབ་ཡོན་རོགས་སྐྱོར་དང་། དེ་བཞིན་ངག་དབང་ཆོས་འཕེལ་གཙུག་ལག་སློབ་ཡོན་ལས་གཞིའི་འོག་༡༩༩༨ ནས་བཟུང་བོད་ནས་སློབ་ཕྲུག་༩༦ ཨ་རིའི་མཐོ་སློབ་ཁག་ཏུ་ལེན་གཏོང་ཐུབ་པ་བྱུང་ཡོད།
གོང་བཞིན་བོད་མིའི་སྒྲིག་འཛུགས་ལྷན་ཁང་མ་ལག་དང་བཅས་པའི་དྲྭ་རྒྱའི་འཕྲིན་ལམ་ཉེན་སྲུང་ཆེད་ Internet Freedom Project དྲྭ་རྒྱ་བཀོལ་སྤྱོད་ཀྱི་རང་དབང་ཞེས་པའི་ལས་གཞིའི་རོགས་རམ་དང་། འཕྲོད་བསྟེན་ལས་གཞི་ནུས་ཤུགས་གོང་སྤེལ་སྤྱི་དང་། ལྷག་པར་༢༠༡༤ལོར་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞིར་རོགས་ཕན།

༢༠༡༥ ལོར་བལ་ཡུལ་ནང་ས་ཡོམ་ཤུགས་ཆེ་བྱུང་བའི་རྐྱེན་གྱིས་བོད་མིའི་གཞིས་ཆགས་གསུམ་གྱི་ཁང་པ་དང་། རྒས་གསོ་ཁང་། རིས་མེད་དགོན་ཁག་གི་གྲ་བཙུན་བཞུགས་ཤག་གཏོར་བཤིགས་སོང་བ་ཉམས་གསོ་དང་། གསར་བཟོའི་ཛ་དྲག་རོགས་སྐྱོར་དང་། ༢༠༡༡ ལོར་མདོ་ཁམས་ཡུལ་ཤུལ་ཁུལ་དུ་བསམ་ཡུལ་ལས་འདས་པའི་ས་ཡོམ་གྱི་གནོད་འཚེ་ཆེན་པོ་བྱུང་བར་ཛ་དྲག་རོགས་སྐྱོར་འབོར་ཆེན་ཞུ་ཐུབ་པ་མ་ཟད། ༢༠༡༦ ལོར་ཨ་རི་གཞུང་གི་རོགས་རམ་སྡེ་ཚན་ (USAID) ནས་བོད་མིའི་སྤྱི་ཚོགས་རང་རྐྱ་འཕེར་བ་དང་། གནས་སྟངས་སྲ་བརྟན་ཡོང་བའི་ཆེད་གཞི་རྒྱ་ཆེ་བའི་རོགས་རམ་འཛིན་སྐྱོང་ཞུ་བཞིན་པ་ཡིན།

མདོ་དོན་བོད་ཀྱི་ཐེབས་རྩ་ཁང་ནས་འདས་པའི་ལོ་ངོ་༣༦རིང་དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་ལམ་དམ་ཟབ་ཀྱི་སྒོ་ནས་རྒྱ་གར་དང་། བལ་ཡུལ། འབྲུག་བཅས་པའི་བཙན་བྱོལ་བོད་མི་སྤྱི་ཡོངས་ལ་མཁོ་བའི་ཨ་རི་སྤྱི་མཐུན་སྲིད་གཞུང་གི་རོགས་རམ་སྔ་རྗེས་འཛིན་སྐྱོང་ཞུས་པའི་ཐོག ཨ་རི་གཞུང་གི་རོགས་རམ་མ་ཡིན་པ་ཁྱིམ་ཚང་སྒེར་པའི་ཐེབས་རྩ་དང་། སྒེར་པ་ཁག་ནས་ཞལ་འདེབས་ཨ་སྒོར་ས་ཡ་མང་པོ་ཞུས་ཏེ། རྨང་གཞིའི་འཛུགས་སྐྲུན་གོང་སྤེལ་དང། ཆོས་རིག་མི་ཉམས་རྒྱུན་འཛིན། ལག་དེབ་སྔོན་པོ་འགྲེམས་སྤེལ་གྱིས་བོད་མི་མ་ཡིན་པ་རྣམས་ཀྱིས་བོད་དོན་གདུང་སེམས་མཉམ་སྐྱེད་ཀྱི་རོགས་སྐྱོར་ཞུས་ཡོད

༡༩༩༤ ལོར་བོད་ཁྱོན་ཡོངས་ནང་རོཌ་སྐྱོར་ཆེད་ལས་འཆར་སྡེ་ཚན་གསར་འཛུགས་ཞུས་ཏེ་དཔལ་འབྱོར་ཡར་རྒྱས་གོང་སྤེལ་དང་། ཤེས་ཡོན། འཕྲོད་བསྟེན་བཅས་པའི་ལས་གཞིའི་ཐོག་རོགས་སྐྱོར་འགོ་འཛུགས་ཐུབ་ཡོད། ངག་དབང་ཆོས་འཕེལ་གཙུག་ལག་སློབ་ཡོན་ལས་གཞིའི་འོག་༡༩༩༨ ནས་བཟུང་ཨ་རི་གཞུང་གི་རོགས་རམ་འོག་བོད་ནས་སློབ་ཕྲུག་དང་། ཆེད་ལས་པ་ཨ་རིའི་མཐོ་སློབ་ཁག་ཏུ་ལེན་གཏོང་བྱས་ཏེ། ཤེས་ཡོན་དང་རིག་གཞུང་མྱོང་ཚོར་བརྗེ་ལེན་གྱི་ཐོག་ནས་བོད་ནང་གི་སློབ་གསོའི་ལས་དོན་ལ་ཕན་ཐོགས་བྱུང་ཡོད། སྐྱ་གྲིབ་ལོངས་བའི་སྨན་བཅོས་དང་མིག་གི་སྨན་ཁང་གསར་རྒྱག ད་ཕྲུག་དང་ཕྱེད་ད་ཕྲུག་སོགས་བུ་ཕྲུག་ཉམས་ཐག་གི་ཆེད་དུ་བུ་ཁྱིམ་གསར་འཛུགས་བྱས་པ་མ་ཟད། སློབ་མ་འོས་བབ་ཅན་འགའ་ཞིག་ལ་མཐོ་སློབ་ཀྱི་སློབ་ཡོན་སྤྲད་ཐུབ་པ་བྱུང་ཡོད།

ལོ་རེ་བཞིན་བོད་མི་བཙན་བྱོལ་བ་སྟོང་ཕྲག་འབྱོར་བཞིན་པ་དེ་ནི་ད་ཡོད་གཞིས་ཆགས་ཁག་ལ་ཆ་རྐྱེན་མ་འདང་པའི་དཀའ་ངལ་འཕར་མ་ཞིག་ཡིན། གཞིས་ཆགས་དེ་དག་ནི་བོད་ཀྱི་ཆོས་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་ཡུན་གནས་ཀྱི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། སྤྱི་ཚོགས་ཀྱི་ནུས་སྟོབས་རྒྱས་ཐབས་སུ་བོད་ཀྱི་ཐེབས་རྩ་ནས་གཞིས་ཆགས་ཁག་ལ་མཐུན་འགྱུར་གང་ཡོད་བྱེད་བཞིན་པ་ཡིན།

གཙོ་འཛིན་གྱི་འཕྲིན་གླེང།