གཙོ་འཛིན་གྱི་འཕྲིན་གླེང།

LNབོད་ཀྱི་ཐེབས་རྩས་ལོ་ངོ་བཅུ་ཕྲག་འགའ་ཤས་ནང་ཐབས་ལམ་འདྲ་མིན་གྱི་སྒོ་ནས་བཙན་བྱོལ་བོད་མིའི་དཀའ་ངལ་སྣ་ཚོགས་ལ་གདོང་ལེན་གྱིས་བོད་མི་བཙན་བྱོལ་བ་རྣམས་སྔར་བཞིན་འཚོ་གནས་ཐོག རང་གི་ཐུང་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་པ་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་འབད་བརྩོན་བྱས་ཡོད་པ་ནི་བོད་ཀྱི་ཐེབས་རྩའི་ལོ་རྒྱུས་ཡིན་ལ། དུས་ཡུན་དེའི་རིང་གཏོང་ཕོད་ཅན་གྱི་སྦྱིན་བདག་འདས་སོན་མང་པོས་གང་ཅིའི་མཐུན་འགྱུར་རོགས་རམ་གནང་བ་དེ་ཡང་བོད་ཀྱི་ཐེབས་རྩའི་ལོ་རྒྱུས་ཤིག་ཡིན།

༡༩༥༩ ནས་བཟུང་བོད་མི་༡༤༠༠༠༠ ལྷག་ཙམ་རང་གི་ཕ་ཡུལ་ནས་བྲོས་ཏེ་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་ཁག་ཏུ་སྐྱབས་བཅོལ་ཞུས་ཏེ། ༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་དབུ་ཁྲིད་འོག་མང་གཙོའི་ཆ་རྐྱེན་ཡོངས་སུ་ཚང་བའི་དབུས་བོད་མིའི་སྒྲིག་འཛུགས་དང་། བོད་མི་གནས་སྡོད་གཞིས་སྒར་གསར་འཛུགས་ཐོག བོད་མི་རྣམས་ཀྱི་མངོན་འདོད་བོད་དུ་ཕྱིར་ལོག་མ་ཐུབ་བར་རང་གི་ཆོས་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་གཅེས་ཉར་སྲུང་སྐྱོབས་ཞུ་བཞིན་པ་རེད།

ལོ་ངོ་༣༦ ལྷག་བོད་ཀྱི་ཐེབས་རྩ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་རྒྱུན་སྲིང་ཡུན་གནས་ཐོག་སྟོབས་ཤུགས་འཕེལ་ཐབས་སུ་གལ་ཆེའི་ལས་དོན་སྣ་མང་ལ་རྒྱབ་སྐྱོར་འགན་འཁུར་ཞུས་ཡོད། གཞི་རྒྱ་ཆེ་ལ་སྣེ་ཁ་མང་བའི་གལ་ཆེའི་ལས་དོན་མང་པོར་རྒྱབ་སྐྱོར་ཞུས་པའི་རྒྱུ་མཚན་ལ་བརྟེན་ནས། བོད་ཀྱི་ཐེབས་རྩའི་ངོས་ནས་བོད་མི་སྒེར་པ་མང་པོའི་མདུན་ལམ་ལ་ཤུགས་རྐྱེན་ཐེབས་ཡོད་པ་དཔེར་ན། བཙན་བྱོལ་བ་གསར་པ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལམ་ཁྲང་དུ་གངས་ཕྱིས་ཀྱིས་ནད་མནར་བུ་ཕྲུག་ན་གཞོན་དང། རྒས་གོག་ཉམས་ཐག་མང་པོར་བལྟ་སྐྱོང་ཐུབ་པ་བྱུང་ཡོད།

བོད་ཀྱི་ཐེབས་རྩ་ནས། འཛམ་གླིང་གང་སར་ཞུགས་པའི་ཐུགས་འཁུར་མཉམ་བཞེས་གནང་མཁན་གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམས་ལ་བཀྲིན་དྲན་ཤེས་ཞུ་གི་ཡོད། ཨ་རིའི་གྲོས་ཚོགས་གོང་འོག་དང་སྲིད་གཞུང་གིས་གལ་གནད་ཆེ་བའི་རོགས་སྐྱོར་ལ་བརྟེན་ནས་བོད་ཀྱི་ཐེབས་རྩས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་དགོས་གལ་ཆེ་བའི་འགྲོ་བ་མིའི་བདེ་རྩའི་རོགས་རམ་འབོར་ཆེན་འཛིན་སྐྱོང་ཞུ་ཐུབ་པར་བསྔགས་བརྗོད་དང་འབྲེལ་བའི་བཀྲིན་རྗེས་དྲན་ཞུ་གི་ཡོད། བོད་ཀྱི་ཐེབས་རྩའི་འགན་འཛིན་ཚོགས་མི་རྣམས་དང་། རྒྱལ་ས་ཝ་ཤིང་ཊོན་དུ་གཏན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཀྱི་ཐེབས་རྩའི་ལས་དོན་རྣམས་ལོ་མང་རིང་གྲུབ་འབྲས་ལྡན་པ་དང་། ལམ་ལྷོང་བྱུང་བར་ཡང་བཀྲིན་དྲན་ཤེས་ཞུ་གི་ཡོད།

ལོ་ངོ་སྟོང་ཕྲག་སྔོན་ནས་དར་བའི་བོད་ཀྱི་མཐུན་མོང་མ་ཡིན་པའི་རིག་གཞུང་གིས་འཛམ་གླིང་མི་མང་ལ་ད་ལྟའི་དུས་སྐབས་དང་མཐུན་པའི་བློ་གྲོས་གསར་པ་མཁོ་སྤྲོད་བྱེད་བཞིན་པ་དང་། བོད་མིའི་ཆོས་དང་། རིག་གཞུང་གི་བསླབ་བྱ་བཟང་པོས་དཀའ་སྡུག་གིས་མནར་བའི་མི་རྣམས་ལ་བཟོད་སྲན་གྱི་སློབ་གསོ་སྤྲོད་ཐུབ་ཅིང་། འཛམ་གླིང་སྤྱི་ཡོངས་ལ་འགན་ཁུར་གྱི་བསམ་བློས་ཚད་ཡོད་པའི་ཐོན་ཁུངས་རྣམས་གོ་ལ་ཆུང་ཆུང་འདིའི་སྟེང་ཆ་སྙོམས་ལོངས་སྤྱོད་ཐུབ་པ་དགོས་པར་བརྟེན། ཁྱེད་རྣམ་པས་དེང་རབས་ཀྱི་འཛམ་གླིང་འདིའི་སྟེང་དར་རྒྱས་གོང་འཕེལ་འགྲོ་ཞིང་མཉམ་དུ་འདྲེས་ཐུབ་པའི་བོད་མིའི་སྤྱི་ཚོགས་ཀྱི་རྩ་ཆེའི་རིན་ཐང་གཟིགས་ཐུབ་པའི་རེ་བ་དང་ཡིད་ཆེས་ཞུ་གི་ཡོད། ཐུགས་རྗེ་ཆེ།

བློ་བཟང་སྙན་གྲགས།

ཕྱི་ལོ་ ༢༠༡༨ ལོའི་ཟླ་བ་དང་པོར། ཕྱི་ཟླ་དང་པོ། ༢༠༡༨