༄༅།། བོད་ཀྱི་ཐེབས་རྩའི་བྱེད་སྒོར་བལྟ་ཙམ་བྱེད་པ།

བོད་མི་བཙན་བྱོལ་བའི་བདེ་རྩའི་རོགས་སྐྱོར།

བོད་མི་བཙན་བྱོལ་བ་རྣམས་ནི་ལ་རྒྱབ་ཆུ་བརྒལ་གྱི་ངལ་བ་ཆེན་པོ་བརྒྱུད་ཅིང་། གྲང་ངར་ཁྲོད་ཀྱི་རྨ་ཁའི་ཉེན་ཁ་དང་། ནད་ཡམ་གྱི་ཉེན་ཁར་མ་འཛེམས་པར་ཧི་མ་ལ་ཡའི་རི་བརྒྱུད་ནས་རང་དབང་གི་ཡུལ་གྲུར་བྲོས་བྱོལ་ལ་ཡོང་། བོད་ཀྱི་ཐེབས་རྩས་འདས་པའི་ལོ་ ༣༠ རིང་བོད་མིའི་སྒྲིག་འཛུགས་དང་མཉམ་སྦྲེལ་གྱིས་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་གནང་པའི་འགྲོ་བ་མི་རིགས་ཀྱི་བདེ་རྩའི་རོགས་རམ་ལས་འཆར་འཛིན་སྐྱོང་གིས་ད་ཕན་བོད་ནས་གསར་དུ་བྲོས་བྱོལ་ལ་ཡོང་མཁན་ཆིག་འབུམ་བརྒལ་བ་གཞིས་ཆགས་ཐུབ་ཐབས་ལ་ཕན་ཐོགས་བྱེད་ཐུབ་ཡོད། དཔེར་ན། ཛ་དྲག་སྨན་བཅོས་དང། ཟས་གོས་གནས་མལ། འགྲིམ་འགྲུལ། བསམ་བློའི་རོགས་སྐྱོར་སོགས་ཀྱི་ཆེད་དགོས་དངུལ་རོགས་རམ་བྱེད་རྒྱུ་སྤྱི་དང་། ལྷག་པར་མནར་གཅོད་སྡུག་སྦྱོང་འོག་ནས་སོན་གནས་ཐུབ་པ་རྣམས་ལ་ལུས་སེམས་ཀྱི་སྟོབས་ཤུགས་འཕེལ་ཐབས་ཀྱི་རོགས་རམ། ན་གཞོན་རྣམས་སློབ་གྲྭ་དང་། གྲ་བཙུན་རྣམས་དགོན་པ་ཁག་ལ་ཆོས་ཞུགས་ཆེད་སློབ་ཡོན་རོགས་སྐྱོར་ཞུས་དང་ཞུ་བཞིན་པ་ཡིན།

ཤེས་ཡོན་དང་ཆེད་ལས་པ་གོང་སྤེལ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་རྒྱ་གར་དང་བལ་ཡུལ་ནང་སློབ་གྲྭ་༧༣ འཛིན་སྐྱོང་གིས་སློབ་ཕྲུག་༢༤༠༠༠ སྐོར་ལ་ཤེས་ཡོན་གྱི་གོ་སྐབས་དང་མཐུན་རྐྱེན་གནང་བཞིན་པར་བོད་ཀྱི་ཐེབས་རྩ་ནས་རྒྱབ་སྐྱོར་མུ་མཐུད་ཞུ་བཞིན་པ་ཡིན། ང་ཚོའི་ཤེས་ཡོན་དང་འབྲེལ་བའི་རོགས་རམ་ (Tibetan Scholarship Program) བོད་མིའི་སློབ་ཡོན་ལས་འཆར་དང་། སྲིད་སྐྱོང་ཆེད་ལས་སློབ་ཡོན། (Sikyong Professional Scholarship Program) བོད་ཀྱི་སློབ་གསོའི་ལས་འཆར། (Tibet Education Program) གཞིས་བཞུགས་བོད་མིའི་ཆེད་དུ་བཙུགས་པའི་ཁ་བ་ཅན་རོགས་སྐྱོར་ལས་གཞི་(Khawachen Assistance Project) བཅས་སྡེ་ཁག་ལྔ་ལ་ཤུགས་སྣོན་
བརྒྱབ་སྟེ། ནུས་སྟོབས་གོང་སྤེལ་ལ་སྨན་པའི་སྦྱོང་བརྡར་དང་། སློབ་གྲྭ་ཁག་གི་གནས་སྟངས་ལེགས་བཅོས། ཤེས་ཡོན་གྱི་གོ་སྐབས་གོང་སྤེལ་ཆེད་སྦྱོང་ཚན་སྤུས་ཀ་དག་ཏུ་བཏང་ནས་མིའི་ནུས་སྟོབས་ཀྱི་མ་རྩ་སྲ་བརྟན་དུ་གཏོང་བཞིན་པ་དཔེར་ན། བོད་ནས་སློབ་ཕྲུག་༩༦ དང་། བཙན་བྱོལ་སྤྱི་ཚོགས་ནས་སློབ་ཕྲུག་༤༤༨ བཅས་སྔ་རྗེས་བསྡོམས་སློབ་ཕྲུག་ ༥༤༤ ཨ་རིའི་ནང་གཙོ་གལ་ཆེ་བའི་མཐོ་སློབ་ཁག་ལ་བཏང་ནས་ཆེས་མཐོའི་ལག་ཁྱེར་ལེན་ཐུབ་པ་མ་ཟད། རྒྱ་གར་དང་བལ་ཡུལ་ནང་མཐོ་སློབ་ཏུ་འགྲོ་བཞིན་པའི་སློབ་ཕྲུག་ ༣༧༡ ལ་སློན་ཡོན་གྱི་མཐུན་རྐྱེན་སྦྱར་བའི་ཐོག རྒྱ་གར་ནང་རིགས་གཅིག་རྐང་འཛིན་ཆེད་ལས་སློབ་སྦྱོང་གི་ཆེད་དུ་སློ་ཕྲུག་ ༦༦ ལ་སློབ་ཡོན་སྤྲད་ཐུབ་པ་བྱུང་ཡོད།

སྤྱི་ཚོགས་ཡར་རྒྱས་གོང་འཕེལ་དང་དམངས་ཁྲོད་ལས་གཞི་ལ་རྒྱབ་སྐྱོར།

བཙན་བྱོལ་བོད་མི་རྣམས་མཉམ་གནས་ཀྱི་ཐོག་ནས་མི་རིགས་ཀྱི་ངོ་བོ་དང་། ཆོས་དང་རིག་གཞུང་འཚོ་གནས་རྒྱུན་སྐྱོང་ཐུབ་པའི་ཆེད་འཆར་གཞི་ལྡན་པའི་ལས་རིམ་སྤྱི་དང་། ལྷག་པར་རྨང་གཞིའི་འཛུགས་སྐྲུན་ཇི་སྙེད་ལ་རོགས་སྐྱོར་ཞུ་བཞིན་པའི་ཐོག སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་། ཚོང་ལས་གོ་སྐབས་གསར་སྐྲུན། གཞིས་ཆགས་ཀྱི་ཁྱད་ཆོས་མི་ཉམས་སླར་གསོ། ནུས་སྟོབས་གོང་སྤེལ་སོགས་ལ་རོགས་སྐྱོར་དང་། ལྷག་པར་ཟབ་སྦྱོང་དང་ལས་རིགས་སྦྱོང་བརྡར་དྲ་མིན་ལ་རྒྱབ་སྐྱོར་གྱིས་བོད་མིའི་ནུས་སྟོབས་གོང་འཕེལ་ལ་ཕན་རོགས་བྱེད་ཐུབ་པ་མ་ཟད། མི་མང་སྡོད་ཁང་དང་། རྒས་གསོ་ཁང་། ཚོགས་ཁང་། ལས་བྱེད་པའི་བཞུགས་ཤག ས་གནས་གྲོས་ཚོགས་ཀྱི་ལས་ཁུངས། འཛིན་ཁང་དང་དཔེ་མཛོད་ཁང་། ཟ་བཅའི་ཚོང་ཁང་སོགས་གསར་རྒྱག་རོགས་རམ་ཞུས་ཡོད། དམངས་ཁྲོད་ཚོགས་སྡེ་ (Tibetan Civil Society Organization)རྣམས་ནི་སྤྱི་ཚོགས་ཡར་རྒྱས་ཀྱི་ཁ་ཕྱོགས་ལ་འགྱུར་བའི་ཤུགས་སྣོན་སྤྲོད་མཁན་ལ་ངོས་འཛིན་གྱིས་ཚོགས་སྡེ་འདི་དག་སྲ་བརྟན་ཡོང་ཐབས་དང་ལས་དོན་གལ་ཆེའི་རིགས་ལ་རོགས་སྐྱོར་ཞུ་གི་ཡོད།

གཙང་སྦྲ་འཕྲོད་བསྟེན་དང་སྨན་བཅོས་ཡར་རྒྱས།

གཞིས་ཆགས་ནང་ཡོད་པའི་བོད་མི་རྣམས་ལ་སྨན་བཅོས་དང་། འཁྲུས་ཁང་གསང་སྤྱོད་འདང་ངེས་མེད་པར་རིམ་ནད་ཀྱི་ཉེན་ཚབས་ཆེ་བའི་དཀའ་སེལ་ཆེད། ཨ་རིའི་ཕྱི་སྲིད་ལས་ཁུངས་དང་བོད་མིའི་སྒྲིག་འཛུགས་སོགས་འབྲེལ་ཡོད་ཚན་པ་ཁག་དང་ཟུང་སྦྲེལ་གྱིས་གློ་ནད་སྔོན་འགོག་དང་། མ་བུའི་འཕྲོད་བསྟེན། སོ་དང་མིག་ནད་སྨན་བཅོས། མང་ཚོགས་ལ་འཕྲོད་བསྟེན་སློབ་གསོ། བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞི་སོགས་ལ་རྒྱུན་དུ་རོགས་སྐྱོར་ཐོག གཞིས་སྒར་ཁག་ལ་འཐུང་ཆུ་གཙང་མའི་ཆུ་མཛོད་དང། འཁྲུས་ཁང་གསང་སྤྱོད། སྨན་ཁང་དང་སྨན་པའི་བཞུགས་ཤག་གསར་རྒྱག་གིས་མཚོན་རྒྱ་གར་དང་བལ་ཡུལ་གྱི་གཞིས་ཆགས་ནང་རྒས་གཅོང་གཙོ་གྱུར་ཆ་རྐྱེན་ཞན་པའི་བུད་མེད་དང་བུ་ཕྲུག མཆིན་པའི་གཉན་ཚད་ཀྱི་ནད་པ། གློ་ནད་དང་གཉན་ནད་རེག་དུག་ཅན་སོགས་ནད་གཅོང་ཉམས་ཐག་མང་པོར་བལྟ་སྐྱོང་བྱས་ཏེ། འཕྲོད་བསྟེན་ལྷན་ཁང་མ་ལག་དང་བཅས་པའི་ནུས་ཤུགས་གོང་སྤེལ་ལ་སྨན་པའི་རོགས་སྐྱོར་ཞུ་བཞིན་པ་ཡིན།

ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན།

རྒྱལ་རབས་ལོ་རྒྱུས་ཀྱི་གཅེས་ནོར་ཐུན་མོང་མ་ཡིན་པའི་བོད་ཀྱི་ཆོས་དང་རིག་གཞུང་ཕུན་སུམ་ཚོགས་པ་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་གལ་ཆེར་ངོས་འཛིན་གྱིས། རྒྱལ་ཁབ་མང་པོར་གྲམ་ནས་གནས་པའི་བོད་མིའི་སྤྱི་ཚོགས་ནང་ཆོས་རིག་སྲུང་སྐྱོབས་ཀྱི་ལས་དོན་ལ་འབད་བརྩོན་བྱེད་བཞིན་པའི་ཚོགས་སྡེ་ཁག་གི་ནུས་ཤུགས་གོང་སྤེལ་དང་ལས་གཞི་སྣ་ཚོགས་ལ་རོགས་སྐྱོར་ཞུ་གི་ཡོད། བོད་མིའི་ཐུན་མོང་མ་ཡིན་པའི་གླུ་གར་དང། ལྷ་མོའི་འཁྲབ་གཞུང་། དཔེ་དེབ་པར་སྐྲུན། དགོན་པ་ཁག་ཏུ་ཞུགས་པའི་བཙུན་མ་དང་དགེ་འདུན་པའི་སློབ་ཡོན། དཔེ་མཛོད་དང་འཛིན་ཁང་གསར་རྒྱག་
སོགས་ཀྱི་ཆེད་མཐུན་འགྱུར་རོགས་རམ་ཞུ་བཞིན་པ་མ་ཟད། བྱང་ཨ་རིའི་ནང་རྟེན་གཞི་བྱས་པའི་བོད་མི་ན་གཞོན་རྣམས་ཀྱི་ཆེད་དུ་མདོ་སྔགས་ཀུན་ཕན་གླིང་ཆོས་ཚོགས་དང་དྷ་རམ་ས་ལའི་སཱ་ར་མཐོ་སློབ་བཅས་པར་ནང་ཆོས་དང་བོད་ཀྱི་སྐད་ཡིག་ཟབ་སྦྱོང་། ཨ་རི་དང་ཁེ་ན་ཌ་གཉིས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པའི་གཟའ་མཇུག་སློབ་གྲྭ་ཁག་ལ་དབྱར་ཁའི་གུང་གསེང་སྟབས་བསྟུན་དམིགས་བསལ་འདུ་ཚོགས་ཀྱི་མཐུན་རྐྱེན་ཡང་སྦྱོར་བཞིན་པ་ཡིན།

རྒས་གོག་འཚོ་སྐྱོང་དང་སློབ་ཡོན་སྦྱིན་བདག་གི་ལས་གཞི།

རྒྱ་གར་དང་བལ་ཡུལ་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་སྤྱི་དང་། ལྷག་པར་དབང་པོ་སྐྱོན་ཅན་གཙོ་གྱུར་གྲ་བཙུན་གྱི་སློབ་ཡོན་དང། རྒས་གཅོང་ཉམས་ཐག་གི་འཚོ་སྐྱོང་ཆེད་བོད་ཀྱི་ཐེབས་རྩ་ནས་སྦྱིན་བདག་ཐབས་འཚོལ་ཞུ་མུས་ཡིན། འདས་པའི་ལོ་མང་རིང་བོད་ནས་སྐྱབས་བཅོལ་གསར་པ་ཇི་སྙེད་སྣེ་ལེན་ཁང་དང་། གསོག་སྒར་སློབ་གྲྭ དགོན་ཁག་སོགས་བོད་མིའི་སྡོད་སྒར་ཁག་ལ་སྡེབ་འབྱོར་བྱུང་རྐྱེན་འཚོ་གོས་གནས་མལ་གཙོ་གྱུར་འཕྲོད་བསྟེན་གྱི་ཆ་རྐྱེན་མ་འདང་པའི་དཀའ་ངལ་ལ་འབྲེལ་ཡོད་ཚང་མས་གདོང་ལེན་བྱེད་དགོས་བྱུང་ཡོད།
ང་ཚོའི་སློབ་ཡོན་དང་འཚོ་སྐྱོང་སྦྱིན་བདག་ཐབས་འཚོལ་གྱི་ལས་གཞིའི་འོག་ཕྱི་ལོ་༡༩༩༩ ནས་༢༠༡༧ བར་སློབ་གྲྭ་དང་དགོན་པ། རྒས་གསོ་ཁང་སོགས་ཁྱོན་ཚོགས་སྡེ་༨༠ ཙམ་ལ་རོགས་དངུལ་བསྡོམས་ཨ་སྒོར་ས་ཡ་བཞི་ཙམ་མིག་སྨན་མིག་ཐོག་ཏུ་ཕན་པ་བྱུང་ཡོད།

བོད་ནང་གི་ལས་གཞི།

བོད་ཁྱོན་ཡོངས་ནང་རོགས་སྐྱོར་ཆེད་༡༩༩༤ ལོར་ཁ་བ་ཅན་རོགས་རམ་ལས་གཞི་ཞེས་པའི་སྡེ་ཚན་གསར་འཛུགས་ཞུས་ཏེ་དཔལ་འབྱོ་དར་འཕེལ་དང་། ཤེས་ཡོན། འཕྲོད་བསྟེན་བཅས་པའི་ལས་གཞིའི་ཐོག་རོགས་སྐྱོར་འགོ་འཛུགས་ཐུབ་པ་བྱུང་ཡོད། ལྷ་ས་གཙོ་གྱུར་བོད་ནང་རྟེན་གཞི་བྱས་པའི་རོགས་ཚོགས་ཁག་དང་ཟུང་སྦྲེལ་གྱིས་སྐྱ་གྲིབ་ལོངས་བའི་སྨན་བཅོས་དང་། མིག་གི་སྨན་ཁང་གསར་རྒྱག ད་ཕྲུག་དང་ཕྱེད་ད་ཕྲུག་སོགས་བུ་ཕྲུག་ཉམས་ཐག་གི་ཆེད་དུ་བུ་ཁྱིམ་གསར་འཛུགས། འབྲི་གཡག་གི་སྟོབས་ཤུགས་ཉམས་གསོ། འབྲོག་པའི་ཁེ་ཕན་ཆེད་གཡག་གི་ཁུ་ལུ་ཉོ་ཚོང་གི་ལས་གཞི་སོགས་ལ་རོགས་སྐྱོར་ཞུས་ཡོད། དེ་བཞིན་ཨ་རི་གཞུང་གི་རོགས་རམ་འོག་སློབ་ཕྲུག་༩༦ ཨ་རིའི་མཐོ་སློབ་ཁག་ལ་བཏང་ཐུབ་པ་མ་ཟད། དར་རྩེ་མདོ་དང་། པེ་ཅིང་། ཁྲིན་ཏུ། ཟི་ལིང་བཅས་པར་བོད་མི་ན་གཞོན་མང་པོར་དབྱིན་ཇིའི་སྐད་ཡིག་དང་། ཀམ་པུ་ཊར་སྦྱོང་བརྡར་སྤྲད་ཐུབ་པ་བྱུང་ཡོད།

ཛ་དྲག་རོགས་སྐྱོར།

རྒྱ་བལ་འབྲུག་གསུམ་དང་། བོད་ནང་རང་བྱུང་གནོད་འཚེའི་དབང་གིས་ས་གནས་བོད་མིར་གོད་ཆག་སྔ་རྗེས་བྱུང་བར་ངལ་སེལ་རོགས་སྐྱོར་ཞུས་པ་ ༡༩༩༥ ལོར་བོད་དུ་ཡུལ་ཤུལ་དང་། མངའ་རིས། སྤོ་རོང་སོགས་ལ་གངས་སྐྱོན་བྱུང་ནས་ར་ལུག་དང་འབྲི་གཡག་སྟོང་ཕྲག་འཆི་སྐྱོན་བྱུང་དབང་གིས་འབྲོག་པའི་འཚོ་གོས་ལ་ཕོགས་པའི་དཀའ་ངལ་སེལ་ཐབས་སུ་ཛ་དྲག་རོགས་སྐྱོར་དང་། ༢༠༡༡ ལོར་ཡུལ་ཤུལ་(སྐྱེ་རྒུ་མདོ་)ཁུལ་དུ་སླར་ཡང་ས་འགུལ་བརྒྱབ་སྟེ་བསམ་ཡུལ་ལས་འདས་པའི་གོད་ཆགས་བྱུང་བར་ཛ་དྲག་ངལ་སེལ། དེ་བཞིན་ཀུ་ལུ་མ་ན་ལི་བོད་ཁྲོམས་དང། མ་ཐུ་ར་སུ་ཊར་ཁྲོམས་ཚོགས། ལྡི་ལི་ལལ་ཀི་ལ་སུ་ཊར་ཁྲོམས་ཚོགས་བཅས་པར་མེ་སྐྱོན་བྱུང་བར་ཛ་དྲག་རོགས་རམ་གང་ཐུབ་ཐོག ལ་དགས་བསོད་ནམ་གླིང་གཞིས་ཆགས་ཀྱི་ཨག་ལིང་ཀེམ་དུ་སྤྲིན་པ་བརྡོལ་ནས་ཆུ་ལོགས་ཀྱི་དཀའ་ངལ་བྱུང་བ་སེལ་ཐབས། གཙང་པོ་ལ་ཆུ་རགས་གསར་རྒྱག་རོགས་རམ། ༢༠༡༥ ལོར་བལ་ཡུལ་ནང་ས་འགུལ་གྱིས་བོད་མིའི་གཞིས་ཆགས་གསུམ་གྱི་ཁང་པ་དང་། རྒས་གསོ་ཁང་། དེ་བཞིན་གྲ་བཙུན་ཞུགས་ཤག་མང་པོ་གཏོར་བཤིགས་སོང་བ་ཉམས་གསོ་དང་གསར་བཟོ་བཅས་ཀྱི་ཆེད་དུ་རོགས་རམ་འབོར་ཆེན་མཁོ་སྤྲོད་ཐུབ་པ་བཅས་སོ།། །།

Donate Online

I wish to make the following donation:
In support of the following program:

Continue to
Continue to

Donate By Mail

Click here for form (in pdf format) to mail with your check or money order.

Download Mail Form

Please help by selecting one of the payment options on the top to make your tax-deductible donation in support of this program