བོད་ཀྱི་ཐེབས་རྩའི་ཕུགས་ཀྱི་དམིགས་ཡུལ།

༄༅།། བོད་ཀྱི་ཐེབས་རྩའི་ཕུགས་ཀྱི་དམིགས་ཡུལ་ནི་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་།  མི་རིགས་ཀྱི་ངོ་བོ་དང་བཅས་པ་སྲུང་སྐྱོབ་བྱེད་རྒྱུའི་ལས་དོན་ལ་རྒྱབ་སྐྱོར་དང་། བྱེས་འབྱོར་བོད་མི་རྣམས་རང་རྐྱ་འཕེར་བའི་སྒོ་ནས་མཉམ་གནས་ཐུབ་ཐབས་ལ་མཐུན་འགྱུར་ཞུ་རྒྱུ་དེ་ཡིན། དམིགས་ཡུལ་དེའི་ཆེད་བོད་ཀྱི་ཐེབས་རྩས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ལ་འཕྱར་གྲུ་མཉམ་འདེགས་ཀྱིས་ ༡༩༨༡ ལོར་དབུ་བརྙེས་ནས་བཟུང་ད་བར་མི་ལོ་ ༣༨ རིང་རྒྱ་གར་དང་།  བལ་ཡུལ་ནང་གནས་སྡོད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་རོགས་ཕན་ཞུས་དང་ཞུ་བཞིན་ཡོད།

བོད་ཀྱི་ཐེབས་རྩའི་ལོ་རྒྱུས།

༄༅།།  བོད་ཀྱི་ཐེབས་རྩ་ནི་ཕྱི་ལོ་ ༡༩༨༡ ལོར་རྒྱལ་སྤྱིའི་རོགས་ཚོགས་ཁག་ནས་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་བྱེད་ཤུགས་ཞན་དུ་འགྲོ་བའི་དུས་སྐབས་སུ་གསར་འཛུགས་ཞུས་པ་ཞིག་ཡིན། ༡༩༥༩ ལོར་བོད་མི་རྣམས་བཙན་བྱོལ་དུ་གྱར་དགོས་བྱུང་ནས་ད་བར་འཚོ་གནས་ཐུབ་པ་ནི་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཁྲིད་ལམ་སྟོན་དང་།  རྒྱ་གར་གཞུང་གཙོས་པའི་སྲིད་གཞུང་ཁག་ནས་གཏོང་ཕོད་རོགས་མགོན་ཐོག་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བལྟ་རྟོགས་ལས་ཁུངས་གཙོ་གྱུར་ཕྱི་རྒྱལ་རོགས་ཚོགས་ཁག་གི་རྒྱབ་སྐྱོར་དང་། བོད་མི་རང་ཉིད་ནས་རང་གི་ངོ་བོ་སྲུང་སྐྱོབ་ཀྱི་ལས་དོན་ལ་ཡིད་ཆེས་དང་། བློ་ཐག་གཙང་བཅད་ཀྱིས་མདུན་བསྐྱོད་བྱས་པ་ལས་བྱུང་བ་ཞིག་ཡིན།

ཕྱི་ལོ་ ༡༩༧༠ དོན་གྲངས་ནས་བཟུང་འགྲོ་བ་མི་རིགས་ཀྱི་བདེ་རྩའི་རོགས་རམ་ཉམས་རྒུད་དུ་སོང་ཞིང་། གཉན་འཕྲང་ཅན་གྱི་དུས་སྐབས་འདི་དང་བསྟུན་ནས་ཨ་རིའི་ནང་གནས་སྡོད་བོད་མི་ཉུང་ཤས་ཤིག་གིས་བོད་ཀྱི་ཐེབས་རྩ་གསར་འཛུགས་གནང་།  ༡༩༨༩ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་པ་ནས་བཟུང་བོད་མིའི་དཀའ་སྡུག་ལ་འཛམ་གླིང་གཞུང་མང་གིས་དོ་སྣང་གསར་པ་སླེབས་པའི་ཤུགས་རྐྱེན་ལ་བརྟེན་ནས། བོད་ཀྱི་ཐེབས་རྩ་གང་མགྱོགས་འཚར་ལོངས་ཐུབ་པ་དང་། བོད་མིའི་སྤྱི་ཚོགས་ལ་མཐུན་འགྱུར་ཆེད་རོགས་ཚོགས་ཁག་དང་ཨ་རི་གཞུང་གི་འབྲེལ་ཡོད་འཛིན་སྐྱོང་སྡེ་ཚན་ཁག་ལ་འབྲེལ་ལམ་གསར་གཏོད་ཐོག་སྒེར་ཁག་ནས་རོགས་རམ་གསར་འཚོལ་ཐུབ་པ་བྱུང་ཡོད།

རོགས་རམ་གལ་གནད་ཆེ་ཤོས་དེ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བོད་མིའི་སློབ་ཡོན་ལས་འཆར་གྱི་ཆེད་དུ་ ༡༩༨༨ ནས་འགོ་འཛུགས་ཀྱིས་ད་བར་རྒྱ་གར་དང་། བལ་ཡུལ་ནས་བོད་རིགས་སློབ་ཕྲུག་ ༤༥༢ ཨ་རིའི་མཐོ་སློབ་ཁག་ལ་ཆེས་མཐོའི་སློབ་སྦྱོང་གི་ཆེད་དུ་གཏོང་ཐུབ་པ་བྱུང་།  ཕྱི་ལོ་ ༡༩༩༡ ནས་བཟུང་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་གནང་པའི་འགྲོ་བ་མི་རིགས་ཀྱི་བདེ་རྩའི་རོགས་རམ་འཛིན་སྐྱོང་གིས་བོད་ནས་གསར་འབྱོར་མི་གྲངས་ཆིག་འབུམ་བརྒལ་བར་སྔོན་ལ་བལ་ཡུལ་དང་། དེ་ནས་ལྡི་ལི། མཐའ་མར་དྷ་རམ་ས་ལ་བཅས་ས་གནས་ཆེ་ཁག་གསུམ་དུ་སྣེ་ལེན་ཐོག་གཞིས་ཆགས་ཀྱི་ལས་རིམ་ལ་ནུས་པ་མཉམ་འདོན་གྱིས་ཛ་དྲག་སྨན་བཅོས་དང་། སློབ་སྦྱོང་གི་མཐུན་རྐྱེན། དགོན་སྡེ་གྲ་ཚང་བཙུན་དགོན་ཁག་ལ་ཆོས་ཞུགས་སློབ་ཡོན་རོགས་སྐྱོར་དང་། དེ་བཞིན་ངག་དབང་ཆོས་འཕེལ་གཙུག་ལག་སློབ་ཡོན་ལས་གཞིའི་འོག་ ༡༩༩༨ ནས་བཟུང་བོད་ནས་སློབ་ཕྲུག་གྲངས་ ༩༦ ཨ་རིའི་མཐོ་སློབ་ཁག་ཏུ་གཏོང་ཐུབ་པ་བྱུང་ཡོད།

གོང་བཞིན་བོད་མིའི་སྒྲིག་འཛུགས་ལྷན་ཁང་མ་ལག་དང་བཅས་པའི་དྲྭ་རྒྱའི་འཕྲིན་ལམ་ཉེན་སྲུང་ཆེད་དྲྭ་རྒྱ་བཀོལ་སྤྱོད་ཀྱི་རང་དབང་ཞེས་པའི་ལས་གཞིའི་རོགས་རམ་དང་། འཕྲོད་བསྟེན་ལས་གཞི་ནུས་ཤུགས་གོང་སྤེལ་སྤྱི་དང་། ལྷག་པར་ ༢༠༡༤ ལོར་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞིར་རོགས་ཕན།  ཕྱི་ལོ་ ༢༠༡༥ ལོར་བལ་ཡུལ་ནང་ས་ཡོམ་ཤུགས་ཆེ་བྱུང་བའི་རྐྱེན་གྱིས་བོད་མིའི་གཞིས་ཆགས་གསུམ་གྱི་ཁང་པ་དང་། རྒས་གསོ་ཁང་། རིས་མེད་དགོན་ཁག་གི་གྲ་བཙུན་བཞུགས་ཤག་གཏོར་བཤིགས་སོང་བ་ཉམས་གསོ་དང་། གསར་བཟོའི་ཛ་དྲག་རོགས་སྐྱོར། ༢༠༡༡ ལོར་མདོ་ཁམས་ཡུལ་ཤུལ་ཁུལ་དུ་བསམ་ཡུལ་ལས་འདས་པའི་ས་ཡོམ་གྱི་གནོད་འཚེ་ཆེན་པོ་བྱུང་བར་ཛ་དྲག་རོགས་སྐྱོར་ཞུ་ཐུབ་པ་མ་ཟད། ཕྱི་ལོོ ༢༠༡༦ ལོར་ཨ་རི་གཞུང་གི་རོགས་རམ་སྡེ་ཚན་ (USAID) ནས་བོད་མིའི་སྤྱི་ཚོགས་རང་རྐྱ་འཕེར་བ་དང་། གནས་སྟངས་སྲ་བརྟན་ཡོང་བའི་ཆེད་གཞི་རྒྱ་ཆེ་བའི་རོགས་རམ་འཛིན་སྐྱོང་ཞུ་བཞིན་པ་ཡིན།

མདོ་དོན་བོད་ཀྱི་ཐེབས་རྩས་འདས་པའི་ལོ་ངོ་ ༣༦ རིང་བོད་མིའི་སྒྲིག་འཛུགས་དང་འབྲེལ་ལམ་དམ་ཟབ་ཀྱི་སྒོ་ནས་རྒྱ་གར་དང་། བལ་ཡུལ་གྱི་བཙན་བྱོལ་བོད་མི་སྤྱི་ཡོངས་ལ་མཁོ་བའི་ཨ་རི་སྤྱི་མཐུན་སྲིད་གཞུང་གི་རོགས་རམ་སྔ་རྗེས་འཛིན་སྐྱོང་ཞུས་པའི་ཐོག ཁྱིམ་ཚང་སྒེར་པའི་ཐེབས་རྩ་དང་། སྒེར་པ་ཁག་ནས་ཞལ་འདེབས་ཨ་སྒོར་ས་ཡ་མང་པོ་ཞུས་ཏེ། རྨང་གཞིའི་འཛུགས་སྐྲུན་གོང་སྤེལ་དང། ཆོས་རིག་མི་ཉམས་རྒྱུན་འཛིན། ལག་དེབ་སྔོན་པོ་འགྲེམས་སྤེལ་གྱིས་བོད་མི་མ་ཡིན་པ་རྣམས་ཀྱིས་བོད་དོན་གདུང་སེམས་མཉམ་སྐྱེད་ཀྱི་རོགས་སྐྱོར་ཞུས་ཡོད།

ཕྱི་ལོ་ ༡༩༩༤ ལོར་བོད་ཁྱོན་ཡོངས་སུ་རོགས་སྐྱོར་ཆེད་ལས་འཆར་སྡེ་ཚན་གསར་འཛུགས་ཞུས་ཏེ་དཔལ་འབྱོར་ཡར་རྒྱས་གོང་སྤེལ་དང་། ཤེས་ཡོན། འཕྲོད་བསྟེན་གྱི་ལས་གཞིའི་ཐོག་རོགས་སྐྱོར་འགོ་འཛུགས་ཐུབ།  ངག་དབང་ཆོས་འཕེལ་གཙུག་ལག་སློབ་ཡོན་ལས་གཞིའི་འོག་ ༡༩༩༨ ནས་བཟུང་ཨ་རི་གཞུང་གི་རོགས་རམ་འོག་བོད་ནས་སློབ་ཕྲུག་དང་། ཆེད་ལས་པ་ཨ་རིའི་མཐོ་སློབ་ཁག་ཏུ་ལེན་གཏོང་བྱས་ཏེ་ཤེས་ཡོན་དང་རིག་གཞུང་མྱོང་ཚོར་བརྗེ་ལེན་གྱི་ཐོག་ནས་བོད་ནང་གི་སློབ་གསོའི་ལས་དོན་ལ་ཕན་ཐོགས་བྱུང་།  སྐྱ་གྲིབ་ལོང་བའི་སྨན་བཅོས་དང་འབྲེལ་བའི་སྨན་ཁང་གསར་རྒྱག ད་ཕྲུག་དང་ཕྱེད་ད་ཕྲུག་སོགས་བུ་ཕྲུག་ཉམས་ཐག་ཆེད་བོད་ཁྱིམ་གསར་འཛུགས་དང་། སློབ་མ་འོས་བབ་ཅན་འགའ་ཞིག་ལ་མཐོ་སློབ་ཀྱི་སློབ་ཡོན་སྦྱོར་ཐུབ་པ་བྱུང་།

རྒྱ་གར་དང་བལ་ཡུལ་ནང་གི་གཞིས་ཆགས་ཁག་ནི་བོད་ཀྱི་ཆོས་རིག་དང་།  མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་ཡུན་གནས་ཐུབ་པ་བྱེད་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན།  སྤྱི་ཚོགས་ཀྱི་ནུས་སྟོབས་རྒྱས་ཐབས་སུ་བོད་ཀྱི་ཐེབས་རྩས་གཞིས་ཆགས་ཁག་ལ་མཐུན་འགྱུར་རོགས་རམ་ཞུ་མུས་ཡིན། 

འགན་འཛིན་གྱི་གསུང་།

༄༅།།  མཚུངས་མེད་གྲོགས་པོ་གྲོགས་མོ་རྣམ་པ་དང་། སྦྱིན་བདག་རྣམས་ཀྱི་སྙན་ལམ་དུ།
བོད་ཀྱི་ཐེབས་རྩས་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་བཙན་བྱོལ་བོད་མིའི་དཀའ་ངལ་སྣ་ཚོགས་ལ་གདོང་ལེན་གྱིས་བོད་མི་བཙན་བྱོལ་བ་རྣམས་སྔར་བཞིན་འཚོ་གནས་ཐོག་རང་གི་ཐུང་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་བཅས་པ་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་འབད་བརྩོན་བྱས་ཡོད་པ་ནི་བོད་ཀྱི་ཐེབས་རྩའི་ལོ་རྒྱུས་ཡིན་ལ། དུས་ཡུན་དེའི་རིང་གཏོང་ཕོད་ཅན་གྱི་སྦྱིན་བདག་འདས་སོན་མང་པོས་གང་ཅིའི་མཐུན་འགྱུར་རོགས་རམ་གནང་བ་དེ་ཡང་བོད་ཀྱི་ཐེབས་རྩའི་ལོ་རྒྱུས་དུམ་བུ་ཤིག་ཡིན།

ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་འོག་ཏུ་ཤོར་རྗེས་བོད་མི་ ༡༤༠༠༠༠ ལྷག་རང་ཡུལ་བྲལ་ཏེ་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་ཁག་ཏུ་སྐྱབས་བཅོལ་ཞུ་དགོས་བྱུང་། ༧གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་མང་གཙོའི་ཆ་རྐྱེན་ཡོངས་སུ་ཚང་བའི་བོད་མིའི་སྒྲིག་འཛུགས་དང་། གཞིས་ཆགས་ཁག་གསར་འཛུགས་ཐོག  བོད་མིའི་མངོན་འདོད་བོད་དུ་ཕྱིར་ལོག་བྱེད་རྒྱུ་མངོན་འགྱུར་མ་བྱུང་བར་བོད་ཀྱི་ཆོས་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་སྲུང་སྐྱོབ་ཞུ་བཞིན་པ་རེད།

ལོ་ངོ་ ༣༦ ལྷག་རིང་བོད་ཀྱི་ཐེབས་རྩས་བཙན་བྱོལ་བོད་མིའི་སྤྱི་ཚོགས་རྒྱུན་སྲིང་ཡུན་གནས་ཐོག་སྟོབས་ཤུགས་འཕེལ་ཐབས་སུ་རྒྱ་ཆེ་སྣེ་མང་གི་གལ་ཆེའི་ལས་དོན་ལ་རྒྱབ་སྐྱོར་ཞུས་པའི་རྒྱུ་མཚན་ལ་བརྟེན་ནས་བོད་མི་སྒེར་པ་མང་པོའི་མི་ཚེའི་མདུན་ལམ་ལ་ཤུགས་རྐྱེན་ཐེབས་ཡོད། དཔེར་ན། བོད་ནས་བྲོས་བྱོལ་དུ་ཕེབས་མཁན་རྣམས་ཧི་མ་ལ་ཡའི་རི་རྒྱུད་ལམ་ཁྲང་དུ་གངས་ཕྱིས་ཐེབས་ནས་དཀའ་ངལ་འཕྲད་པའི་བུ་ཕྲུག་ན་གཞོན་དང་། རྒས་གོག་ཉམས་ཐག་མང་པོར་བལྟ་སྐྱོང་ཐུབ་པ་ལྟ་བུའོ། 

བོད་ཀྱི་ཐེབས་རྩས་གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམས་ལ་བཀྲིན་རྗེས་ཞུ་གི་ཡོད།  ཨ་རིའི་གྲོས་ཚོགས་གོང་འོག་དང་། སྲིད་གཞུང་གིས་ཤུགས་ཆེའི་རོགས་སྐྱོར་ལ་བརྟེན་ནས་བོད་ཀྱི་ཐེབས་རྩས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་དགོས་གལ་ཆེ་བའི་འགྲོ་བ་མིའི་བདེ་རྩའི་རོགས་རམ་འཆར་གཞི་འབོར་ཆེན་འཛིན་སྐྱོང་ཞུ་ཐུབ་པར་བསྔགས་བརྗོད་དང་འབྲེལ་བཀྲིན་རྗེས་དྲན་ཞུ་གི་ཡོད།

བོད་ཀྱི་ཐེབས་རྩའི་འགན་འཛིན་ཚོགས་མི་རྣམས་དང་།  ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཀྱི་ཐེབས་རྩའི་ལས་དོན་རྣམས་ལོ་མང་རིང་གྲུབ་འབྲས་ལྡན་པ་དང་། ལམ་ལྷོང་བྱུང་བར་ཡང་བཀྲིན་དྲན་ཤེས་ཞུ་རྒྱུ་ཡིན།  

ལོ་ངོ་སྟོང་ཕྲག་སྔོན་ནས་དར་བའི་བོད་ཀྱི་མཐུན་མོང་མ་ཡིན་པའི་རིག་གཞུང་གིས་འཛམ་གླིང་མི་མང་ལ་མིག་སྔའི་དགོས་མཁོ་དང་མཐུན་པའི་བློ་གྲོས་གསར་པ་མཁོ་སྤྲོད་བྱེད་བཞིན་པ་དང་། བོད་མིའི་ཆོས་དང་། རིག་གཞུང་གི་བསླབ་བྱ་བཟང་པོས་དཀའ་སྡུག་གིས་མནར་བའི་མི་རྣམས་ལ་བཟོད་སྲན་གྱི་སློབ་གསོ་སྤྲོད་ཐུབ་ཅིང་། འཛམ་གླིང་སྤྱི་ཡོངས་ལ་འགན་ཁུར་གྱི་བསམ་བློས་ཚད་ཡོད་པའི་ཐོན་ཁུངས་རྣམས་གོ་ལ་ཆུང་ཆུང་འདིའི་སྟེང་ཆ་སྙོམས་ལོངས་སྤྱོད་ཐུབ་པ་དགོས་པར་བརྟེན། ཁྱེད་རྣམ་པས་དེང་རབས་ཀྱི་འཛམ་གླིང་འདིའི་སྟེང་དར་རྒྱས་གོང་འཕེལ་འགྲོ་ཞིང་མཉམ་དུ་འདྲེས་ཐུབ་པའི་བོད་མིའི་སྤྱི་ཚོགས་ཀྱི་རྩ་ཆེའི་རིན་ཐང་གཟིགས་ཐུབ་པའི་རེ་བ་དང་ཡིད་ཆེས་ཞུ་གི་ཡོད། ཐུགས་རྗེ་ཆེ།

བློ་བཟང་སྙན་གྲགས་ཀྱིས་ཕྱི་ལོ་ ༢༠༡༨ ལོའི་ཟླ་བ་དང་པོར།